རྒྱབ་ཁུངས།

ས་ཆའི་བདག་སྐྱོང་ཡིག་ཚང་འདི་ ངོ་མ་རང་ སྔོན་འབྲུག་ལུ་ ཁྲལ་བསྡུ་ལེན་གྱི་དོན་ལས་ སྒེར་གིས་དབང་བའི་ས་ཆའི་ཐོ་བཀོད་འབད་ནི་འགོ་བཙུགས་པའི་ནམ་དུས་ལས་ གཞི་བཙུགས་འབད་ནུག ཨིན་རུང་ སྤྱི་ལོ་༡༩༥༦ ལུ་རྐྱངམ་ཅིག་ གཞུང་འབྲེལ་ལུ་ བསམ་རྩེ་ལུ་སྦེ་ ས་ཆའི་འོང་འབབ་ས་འཇལ་ཡིག་ཚང་ གཞི་བཙུགས་འབད་དེ་ ཡིག་ཚང་དེ་ལུ་ ལྕགས་ཐག་ས་འཇལ་འབད་ནིའི་འགན་དབང་སྤྲོད་ནུག

Chain surveyors with Babu Duba Tshering (with hat)
ལྕགས་ཐག་ས་འཇལ་པ་ཚུ་ བ་བུ་གྲུབ་པ་ཚེ་རིང་ཞྭམོ་བཙུགས་མི་དང་གཅིག་ཁར།

སྤྱི་ལོ་༡༩༦༧ ལོར་ དངུལ་རྩིས་ལྷན་ཁག་གི་འོག་ལུ་ ས་ཁྲམ་དང་གཞིས་ཆགས་ཡིག་ཚང་སྦེ་ གཞི་བཙུགས་འབད་ཡོདཔ་དང་ སྤྱི་ལོ་༡༩༧༢ ལུ་ ལཱ་འགན་གཙོ་བོ་རང་རྒྱ་འབྲུག་གི་ས་མཚམས་བཀོད་ནི་དང་ ས་ཆའི་ཁབྱིབས་ཀྱི་གཞི་རྟེན་སབ་ཁྲ་བཟོ་བཀོད་འབད་ནིའི་དོན་ལས་ ས་འཇལ་གཙོ་འཛིན་གི་ཡིག་ཚང་སྦེ་གཞི་བཙུགས་འབད་ནུག གོང་གི་ཡིག་ཚང་གཉིས་བསྡོམས་ཏེ་ སྤྱི་ལོ་༡༩༨༦ ལུ་ འབྲུག་གི་ས་འཇལ་ཡིག་ཚང་ ཟེར་གཞི་བཙུགས་འབད་ནུག དེ་ལས་ སྤྱི་ལོ་༡༩༩༩ ལུ་ ཡིག་ཚང་དེ་ ས་འཇལདང་ས་ཁྲམ་ལས་ཁུངས་ཟེར་མིང་ སོར་བསྒྱུར་འབད་དེ་ནང་སྲིད་ལྷན་ཁག་གི་འོག་ལུ་བཞག་ནུག  ད་རུང་ སྤྱི་ལོ་༢༠༠༣ ལུ་ ལས་ཁུངས་དེ་ སོ་ནམ་ལྷན་ཁག་འོག་ལུ་བཞག་ནུག

རྒྱལ་ཡོངས་ཚོགས་འདུས་ཐེངས་༨༧ པ་ནང་ སའི་བཅའ་ཁྲིམས་༡༩༧༩ ཅན་མ་དེ་ བསྒྱུར་བཅོས་མཛད་དེ་ འབྲུག་གི་སའི་བཅའ་ཁྲིམས་སྤྱི་ལོ་༢༠༠༧ ཅན་མ་འདི་ ཆ་འཇོག་མཛད་གནང་ནུག སའི་བཅའ་ཁྲིམས་གསཔརཔ་གི་དགོངས་དོན་དང་འཁྲིལ་ཏེ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་འདི་ འཐུས་མི་༡༡་ལྡན་པའི་རང་སྐྱོང་ལས་སྡེ་སྦེ་ གཞི་བཙུགས་འབད་དེ་ ས་འཇལ་དང་ས་ཁྲམ་ལས་ཁུངས་དང་ དེའི་འོག་གི་ སྡེ་ཚན་ག་ར་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཡིག་ཚང་འོག་ལུ་ཚུད་ཡོདཔ་ལས་བརྟེན་ ལས་ཁུངས་དེ་ སྤྱི་ལོ་༢༠༠༧ ཟླ་༨ པའི་ཚེས་༡༥ ལུ་ སོ་ནམ་ལྷན་ཁག་ལས སོ་སོ་འབད་བཏོན་ཡོད། དྲགོས་སངས་རྒྱས་མཁའ་འགྲོ་དེ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཡིག་ཚང་གི་དྲུང་ཆེན་གསརཔ་སྦེ་ བསྐོ་བཞག་འབད་ནུག ཉིམ་དེ་ཡང་ རྒྱལ་ཡོས་ས་ཆ་ལྷན་ཚོགས་གཞི་བཙུགས་འབད་བའི་ཉིནམ་སྦེ་ བརྩི་འཇོག་འབད་ནི་ཡོད།